Religion Pilgrimage

Bukey Ney- Samtse Gewog

བུ་སྐྱེས་གནས་དེ་ བསམ་རྩེ་རྫོང་ཁག་ལྟེ་བ་ལས་ བུ་སྐྱེས་གཡུས་ཚན་བདའ་སྟེ་ སྣུམ་འཁོར་ནང་ཀི་ལོ་མི་ཀྲར་ ༡༠ དེ་ཅིག་གི་ས་ཁ་ལས་ ཁ་ཡར་བལྟ་སྟེ་དུས་ཡུན་སྐར་མ་༣༥ དེ་ཅིག་ བུ་སྐྱེས་ལུངམ་བདའ་སྟེ་འགྱོཝ་ད་ གནས་དེ་ནང་ལྷོདཔ་ཨིན། གནས་དེ་ སྐུ་གཞོགས་ཚེ་རིང་དཔལ་འབྱོར་གྱི་རྟོགས་བརྗོད་ནང་ལུ་བཀོད་དོ་བཟུམ་འབད་བ་ཅིན་ ལྷ་མོ་ ནོར་རྒྱུན་མའི་གནས་ཨིནམ་སྦེ་ ངོས་འཛིན་གནང་ཡོདཔ་མ་ཚད་ གནས་དེ་ཁ་ལས་ སྐུ་གཞོགས་ཀྱིས་ ཕུརཔ་ཅིག་གཏེར་བཞེས་ཡོདཔ་དང་། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་ཅིག་གིས་ཡང་ གནས་དེ་ བྱིན་གྱིས་བརླབས་གནང་ཡོད་ལུགས་ཚུ་བཤད་ནི་འདུག། ཨིན་རུང་ ད་རེས་ནངས་པ་ ཧིན་དུའི་ཆོས་ལུགས་པ་ཚུ་གིས་འབད་བ་ཅིན་ ལྷ་མོ་ཀཱ་ལི་དང་ ལྷ་ཆེན་དབང་ཕྱུག་གཉིས་དང་འབྲེལ་བའི་ གནས་ཅིག་ཨིནམ་སྦེ་བཤདཔ་ཨིན་པས།

ཧིན་དུའི་ཆོས་ལུགས་པ་ཚུ་གིས་ བཤད་མི་དང་འཁྲིལ་བ་ཅིན་ གནས་དེ་མི་ལོ་ ༢༠༠ དེ་ཅིག་གི་ཧེ་མར་ ནོར་རྫིཔ་ཚུ་གིས་མཐོང་ཡོདཔ་ད་ དེའི་ཤུལ་ལས་ ནེ་པཱལ་ལས་སཱ་དྷུ་ ཅིག་འོང་སྟེ་ དེ་ནང་གསོལ་མཆོད་ཕུལ་ཏེ་ གཡུས་དེ་ཁའི་དཔོན་བཟུམ་ཅིག་ཨིན་མི་ གུ་རུང་ཀ་རྫི་ཟེར་མི་ལུ་ཞུ་ཐོག་ལས་ གནས་དེ་མཧཱ་ཀཱ་ལིའི་དྷམ་སྦེ་ངོས་འཛིན་བྱུང་ཡོདཔ་ ཨིན་པས། དེ་ལས་འགོ་བཙུགས་ཏེ་ གནས་དེ་ནང་གསོལ་མཆོད་ཕུལ་ནི་འགོ་བཙུགས་ ཡོདཔ་ལས་ ད་རེས་ནངས་པ་ གནས་དེའི་ས་ཁོངས་འབྲུག་གི་ས་ཆ་ཅིག་ཨིན་རུང་གནས་དེ་ནང་མཇལ་བར་འོང་མི་དེ་ མང་ཤོས་ཅིག་རྒྱ་གར་གྱི་གནས་སྐོར་པ་ཚུ་ཨིན་ཟེར་ གནས་བཤད་པ་དབང་ཆེན་ལེབ་ཅ་གིས་བཤདཔ་ཨིན་པས།

གནས་དེ་གི་གནས་སྒོ་དང་པ་རང་ དྷམ་ཁོ་ལ་ (གནས་ཆུ) ཟེར་ས་ལས་འགོ་བཙུགས་ དོ་ཡོདཔ་ད་ གནས་སྒོ་དང་པའི་ནང་ ལིངྒའི་རྡོ་རང་བྱོན་ཅིག་མཇལ་ནི་ཡོད་མི་དེ་ ནཱ་ག་ དེཝ་ (ཀླུ་ལྷ) ཟེར་ཡང་སླབ་དོ་ཡོདཔ་ཨིན། གནས་དེ་ནང་འགྱོ་སའི་ལམ་བདའ་སྟེ་ ཀླུ་རྡོ་མང་རབས་ཅིག་མཇལ་ནི་ཡོད་མི་ཚུ་ཡང་ གནས་ནང་མ་འགྱོ་བའི་ཧེ་མ་ ཀླུ་རྡོ་དེ་ཚུ་ལུ་ གསོལ་མཆོད་ཕུལ་ཐོག་ལས་འགྱོ་དགོཔ་ཨིན་པས། དེ་ཁ་ལས་ ད་རུང་ དུས་ཡུན་སྐར་མ་ ༡༠ དེ་ཅིག་འགྱོཝ་ད་ གནས་སྒོ་གཉིས་པའི་ནང་ ལབ་རྩ་ཅིག་ཡོད་མི་དེ་ནང་ ཀླུ་རྡོ་ ལེ་ཤ་ཅིག་ཡོདཔ་ལས་ གནས་ངོ་མའི་ནང་ལྷོད་མ་ཚུགས་པ་ཅིན་ ལབ་རྩ་དེ་ཁ་ལས་སྨོན་ ལམ་བཏབ་སྟེ་ལོག་འགྱོཝ་ཨིན་པས། དེ་་ཁ་ལས་དུས་ཡུན་སྐར་མ་ ༥ དེ་ཅིག་འགྱོཝ་ད་ གནས་ངོ་མའི་བྱག་རང་བྱོན་དེ་མཇལཝ་ཨིན། 

གནས་དེ་ནང་ གནས་ཀྱི་འཛུལ་སྒོ་གཉིས་ཡོད་པའི་ འཛུལ་སྒོ་ངོ་མ་དེ་ ལྷ་ཆེན་དབང་ཕྱུག་ གི་གནས་སྦེ་བརྩི་དོ་ཡོདཔ་མ་ཚད་ གནས་དེ་ནང་རྡོའི་ནོར་བུ་རང་བྱོན་དང་། རྡོའི་ཀ་ཆེན། དུང་དཀར་རང་བྱོན། མ་རྨོས་པའི་ལོ་ཐོག་ཚུ་ཡང་མཇལ་ནི་འདུག། དེ་མ་ཚད་ སེམས་ཅན་ སྟག་གི་སྡེར་ཞགས། སྟག་གི་པགས་ཀོ་བཟུམ་མའི་རྡོ། ལས་སྡིག་སྒྲིབ་ཕྱེ་སའི་གནས་ ཚུ་ཡང་མཇལ་ནི་ཡོད་མི་དེ་ཁར་ སྡིག་པ་ཡོད་པ་ཅིན་ རྡོ་གཉིས་ཀྱི་བར་ན་ལས་ཐར་མི་ ཚུགས་དོ་ཡོདཔ་མ་ཚད་ གནས་དེ་ནང་རྡོའི་མགུ་ལས་མར་ བདུད་རྩི་འབབ་དོ་ཡོདཔ་ ལས་ དེ་ཚུ་གནས་ཀྱི་བྱིན་རླབས་སྦེ་བརྩིཝ་ཨིན་པས། གནས་དེ་ནང་ རྡོའི་བང་རྔ་རང་བྱོན་ ལས་ བང་རྔའི་སྐད་སྦོམ་སྦེ་རྐྱབ་དོ་ཡོད་མི་དེ་ཡང་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིནམ་ལས་ སྨོན་ལམ་བཏབ་སྟེ་འབད་བ་ཅིན་ བསམ་དོན་ཡིད་བཞིན་དུ་འགྲུབ་དོ་ཡོདཔ་སྦེ་ སྐྱེས་ལོ་ ༨༢ ལངས་མི་ནར་བྷ་དུར་གུ་རུང་གིས་བཤདཔ་ཨིན་པས། 

གནས་སྒོ་གཞན་ཅིག་མཇལ་ནི་ཡོད་མི་དེ་ཡང་ ལྷ་མོའི་གནས་སྦེ་བརྩི་དོ་ཡོདཔ་ད་ གནས་དེ་ནང་ སེམས་ཅན་རའི་མགུ་ཏོ་རང་བྱོན་དང་། སེམས་ཅན་སྣ་ཚོགས་ཀྱི་མགོ་ཅན། 

དེ་ལས་ སྟག་གི་རྐང་རྗེས་རང་བྱོན་ཚུ་ཡང་མཇལ་ནི་འདུག། གནས་དེ་ ད་རེས་ནངས་པ་ བུ་སྐྱེས་ཨེ་ཚོགས་པ་གིས་བདག་འཛིན་འཐབ་དོ་ཡོདཔ་ད་ ཚོགས་པ་དེ་གིས་ལཱ་གཙོ་བོ་ རང་ གནས་ཀྱི་ལམ་སེལ་རྐྱབ་ནི་ གཙང་སྦྲ་བསྟེན་ནི་ལ་སོགས་པའི་ལཱ་གི་འཛིན་སྐྱོང་ཚུ་ འབདཝ་ཨིན་པས། གནས་དེ་ནང་ སྤྱི་ཟླ ༡༡ པ་ལས་འགོ་བཙུགས་ཏེ་སྤྱི་ཟླ ༣ པ་ཚུན་ རྐྱངམ་གཅིག་མཇལ་ཚུགསཔ་ལས་ གནམ་བྱཱར་ལུ་ཆུ་སྦོམ་ཐོན་ཏེ་ གནས་དེ་ནང་མཇལ་ བར་འགྱོ་མི་ཡང་མེདཔ་ཨིན་པས། 

Close Search Window